Friday, March 22, 2013

lord buddha




Life is short-lived. Being born as a Buddhist, it is important to be pious at times rather than always escaping with the cynical view of the world. Just forget ‘management’ for a while and digress into the world of Buddhism, it all about the twelve noble deeds of Lord Buddha. Take pride in it!


           སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་སྐོར

དང་པོ༽ དགའ་ལྡན་གནས་ལས་འཛམ་བུ་གླིང་དུ་བྱོན་པའི་མཛད་པ       
འཇིག་རྟེན་གྱི་ཁམས་འདི་ནང་བདག་ཅག་གི་སྟོན་པ་ཉམས་མེད་ཤཱ་ཀྱའི་རྒྱལ་པོ་དེ་ སྲིད་པའི་ཁམས་འདི་ནང་མ་བྱོན་པའི་ཧེ་མ་དགའ་ལྡན་ལྷའི་གནས་ལུ་ལྷའི་བུ་དམ་པ་ཏོག་དཀར་གྱི་སྐྱེས་བ་བཞེས་ཏེ་ ལྷ་ཡི་འཁོར་རྣམས་ལུ་སངས་རྒྱས་འོད་སྲུང་གི་རྒྱལ་ཚབ་སྦེ་ཆོས་གནང་སྟེ་བཞུགས་ནུག ། ད་རེས་ཀྱི་ཚེ་ལོ་བརྒྱ་པའི་དུས་ལུ་འབབ་ལས་བརྟེན་དམ་པ་ཏོག་དཀར་གྱིས་་ཁོ་རང་གི་དབུ་རྒྱན་ཀྱི་རིན་པོ་ཆེའི་དབུ་ཞྭམོ་འདི་ཡང་ཕུད་འདི་ བྱང་ཆུབ་སེམས་དཔའ་བྱམས་པའི་དབུ་ལུ་བརྩུགས་གནང་པའི་ཁར་བྱམས་པ་འདི་དགའ་་ལྡན་ལྷའི་གཙོ་བོ་སྦེ་ཁྲི་མངའ་གསོལ་ཞུ་སྟེ་ ང་རང་ལྷོ་འཛམ་བུའི་གླིང་ལུ་སངས་རྒྱས་པར་བྱོན་ནི་འབད་ཐུགས་ཐག་གཅད་ནུག །

གཉིས་པ༽ ཡུམ་གྱི་ལྷུམས་སུ་ཞུགས་པའི་མཛད་པ །
སངས་རྒྱས་ཀྱི་དགའ་ལྡན་གྱི་ཡུལ་ལས་གླང་ཆེན་ཐལ་དཀར་གྱི་རྣམ་པ་སྤྲུལ་ཏེ་ ལྷོ་རྒྱལ་འཛམ་བུ་གླིང་ལུ་ཡུམ་སྒྱུ་མ་ལྷ་མཛེས་སྨྱུང་གནས་ཀྱི་གསོ་སྦྱོང་ལུ་བཞུགས་པའི་སྐབས་ལུ་ ཡུམ་གྱི་མཆན་གློ་གཡས་པ་ལས་ཡུམ་གྱི་ལྷུམ་སུ་ཞུགས་ནུག ། ཡུམ་གྱི་རྨི་ལམ་ནང་ གླང་ཆེན་ཐལ་དཀར་མཆེ་བ་དྲུག་འབད་མི་ཅིག་མོ་གི་ཁོག་པའི་ནང་ལུ་འཛུལ་ཚརཝ་ཅིག་ མོ་གི་ལུས་དང་སེམས་ལུ་སྔར་དང་མ་འདྲ་བའི་དགའ་བ་སྦོམ་བྱུང་སར་མཐོང་ནུག ། དེ་ལས་ཡུམ་སྒྱུ་མ་ལྷ་མཛེས་ཀྱིས་རྨི་ལམ་འདི་གི་རྟགས་མཚན་ཚུ་ བྲམ་ཟེ་ལུ་བཤད་པའི་སྐབས་ བྲམ་ཟེ་གིས་སྲས་ཁྱད་དུ་འཕགས་པ་ཅིག་འཁྲུངས་པའི་ལུང་བསྟན་གནང་ནུག །

གསུམ་པ སྐུ་འཁྲུངས་པའི་མཛད་པ
ཡུམ་རྒྱུ་མ་ལྷ་མཛེས་སྐུ་གཟུགས་ཀྱི་ཕོ་བའི་ནང་ལུ་བཞུགས་པའི་སྐབས་ལུ་ཡང་ ཡུམ་གྱི་མངལ་གནས་ལྷ་ཡི་གཞལ་་ཡེས་ཁང་སྦེ་བྱིན་གྱི་རླབས་ཏེ་ཟླཝ་ ༡༠ བཞུགས་ཏེ་ ས་ག་ཟླ་བའི་ཚེས་ ༡༥ ལུ་ ལུམ་པའི་ནི་ཚལ་ལུ་ ཡུམ་ལུ་ན་ཚ་མེད་པ་ཡུམ་གྱི་རྩིབས་ལོག་གཡས་པ་ལས་སྐུ་འཁྲུངས་ཚཝ་ཅིག་ཕྱོགས་བཞི་ལུ་གོམ་ཐེངས་བདུན་བདུན་བྱོན་པའི་ཤུལ་ལུ་ མེ་ཏོག་པདྨ་བདུན་བདུན་འཁྲུངས་ཏེ ལྷ་རྣམས་ཀྱིས་སྐུ་ཁྲུས་གསོལ་བ་དང་བསྟོད་པ་ཡང་ཕུལ་ནུག དེའི་སྐབས་སུ་ཀུན་དགའ་བོ་ལ་སོགས་པ་ཤཱ་ཀྱའི་བུ་ལྔ་བརྒྱ་དང་ གྲགས་འཛིན་མ་ལ་སོགས་པ་རྟེའུ་ལྔ་བརྒྱ་ཡང་ སྟབས་ཅིག་ལུ་སྐྱེས་ཏེ་ རྒྱལ་པའི་ཐུགས་འདུན་གེ་ར་གྲུབ་སོངམ་ལས་ སྲས་ཀྱི་མཚན་ཡང་རྒྱལ་སྲས་དོན་གྲུབ་ཟེར་བཏགས་གནང་ནུག རྒྱལ་སྲས་སྐུ་འཁྲུངས་འདི་ཞག་བདུན་ལངམ་ད་ ཡུམ་སྒྱུ་མ་ལྷ་མཛེས་བཤགས་ཏེ་སུམ་ཅུ་རྩ་གསུམ་ལྷའི་ཡུལ་ལུ་སྐྱེ་བ་བཞེས་ནུག །

བཞི་པ བཟོ་བའི་གནས་ལུ་མཁས་པར་སྦྱངས་བའི་མཛད་པ
སྐུ་ན་སྦོམ་སོང་ཞིནམ་ལས་ ཀུན་གྱི་བཤེས་གཉེན་དང་ སྲིན་བུའི་གོ་ཆ་ཟེར་མའི་སློབ་དཔོན་ཚུ་ལས་ ཡི་གུ་དང་རྩི་ལ་སོགས་པ་རིག་པའི་གནས་ལུ་མཁས་པར་སྦྱངས་ནུག ཞང་པོ་ལྷ་ལས་སྒྱུ་རྩལ་མ་འདྲཝ་དྲུག་ཅུ་རྩ་བཞི་ལ་སོགས་པ་ཡང་ལྷབ་སྟེ་བཟོ་བའི་གནས་ལ་མཁས་པར་སྦྱངས་ཞིནམ་ལས་ ཤཱ་ཀྱའི་རིགས་ཀྱི་གྱད་རྩ་རྣམས་དང་རིག་རྩལ་དང་ལུས་རྩལ་ལ་ལསོགས་འགྲནམ་ད་རྒྱལ་སྲས་ལུ་མ་ཐུབ་ལས རྒྱལ་ཁ་རྒྱལ་སྲས་ཀྱི་ཐོབ་ནུག  གཞན་ཡང་རྩིས་དང་བཟོ་  སྒྱུ་རྩལ་དང་ཆུ་རྩལ་རྐྱབ་ནི་ལ་སོགས་པ་སྦྱངས་པའི་ཚུལ་བསྟན་ཏེ་བཟོ་ཚུ་གི་་གནས་ག་ཅི་ལུ་ཡང་རྒྱལ་སྲས་ལུ་འགྲན་ཟླ་འབད་མ་ཚུགས་པར་མཁས་པ་ལུ་གྱུར་སོང་ནུག །


ལྔ་པ བཙུན་མོའི་འཁོར་གྱིས་བཞེས་པའི་མཛད་པ
རྒྱལ་སྲས་དགུང་ལོ་བཅུ་དྲུག་ལུ་ཕེབས་ད་ རྒྱལ་བློན་ཚུ་གིས་རྒྱལ་སྲས་ལུ་བརྩུནམོ་ཅིག་ཕུལ་དགོ་སྦེ་དྲང་སྲོང་གི་་ལུང་བསྟན་གནང་ནུག ། རྒྱལ་སྲས་ཀྱི་ཡང་བུད་མེད་སྐྱོན་ལྔ་དང་བྲལ་ཡོན་ཏན་བརྒྱད་དང་ལྡན་པའི་བུམ་ཡོད་པ་ཅིན་སེམས་ཅན་གྱི་དོན་ལུ་བརྩུནམོ་སྦེ་བཞེས་ནི་ཨིན་ཟེར་གསུངས་ནུག ། དེ་འབདཝ་ལས་རྒྱལ་བློན་འབངས་གསུམ་བསྟུན་གྲོས་ཀྱི་ཐོག་ལུ་ བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་ཡོན་ཏན་བརྒྱད་དང་ལྡན་པའི་ཤཱ་ཀྱ་ལག་ན་བེ་ཅོན་གྱི་བུ་མོ་ ས་འཚོ་མ་གྱིས་གཙོས་པའི་གྲགས་འཛིན་མ་དང་རི་དྭགས་སྐྱེས་ གསུམ་ལུ་འཁོར་ཉིས་ཁྲི་རེ་འབད་བསྡོམས་ཀྱིས་བཙུན་མོ་དྲུག་ཁྲི་ཐམ་པ་བཙུནམ་འབད་ཕུལ་ནུག །

དྲུག་པ འཁོར་བ་ལས་ངེས་པར་འབྱུང་བའི་མཛད་པ       
སངས་རྒྱས་པའི་དུས་ལུ་བབས་པ་སྔོན་གྱི་སྨོན་ལམ་གྱིས་བསྐུལ་ཏེ་ ཕོ་བྲང་གི་ཕྱོགས་བཞི་ལུ་ཁམས་སེང་ལུ་བྱོནམ་ད་ རྒ་བ་དང་ ན་བ་ ཤི་བ་ལ་སོགས་པའི་སྡུག་བསྔལ་ཚུ་དང་ཆོས་སྒྲུབ་མི་དགེ་སློང་ཚུ་མངོན་སུམ་འབད་གཟིགས་ཏེ་ འཁོར་བའི་སྡུག་བསྔལ་ལུ་ཐུགས་སྐྱོ་བ་དང་ དེ་ལས་རྐྱེན་འདི་གིས་རྒྱལ་སྲས་ཆོས་སྒྲུབ་པ་བྱོན་ནི་སྦེ་ཐུགས་ཐག་བཅད་དེ་  ཡབ་རྒྱལ་པོ་གིས་ ལོ་རྒྱུས་འདི་ཚུ་གསན་ཏེ་ ་རྒྱ་ལ་སྲས་་ཆོས་འབད་བར་མི་བཏང་ནིའི་དོན་ལུ་ཕོ་བྲང་དང་སྒོ་འདི་ཚུ་ལུ་སྲུང་རྒྱབ་ཚུ་བཙུགས་པའི་ཁར་ རྒྱལ་སྲས་ཐུགས་ཡེངས་བཅུག་ནིའི་དོན་ལུ་གླུ་དབྱངས་དང་རྩེདམོ་ཚུ་ཡང་ལེ་ཤཱ་ཅིག་སྤྱན་འབུལ་ཞུ་ནུག ། ཨིན་རུང་རྒྱལ་སྲས་དེ་སེམས་ཅན་གྱི་དོན་ལུ་སྨོན་ལམ་བཏབ་མི་འདི་ དུས་ལུ་བབས་ལས་ནུབ་མོ་ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་པ་རྒྱལ་ཆེན་བཞི་ལ་སོགས་པའི་སྐྱབས་མགོན་ཚུ་གིས་སེར་སྐྱའི་གྲོང་ཁྱེར་ལས་དཔག་ཚད་བཅུ་གཉིས་ཀྱི་ས་ཁར་བྱོན་སོང་ནུག ། དེ་ལས་རྒྱལ་སྲས་ཀྱིས་སྐུ་གཟུགས་ལས་རིན་པོ་ཆེའི་རྒྱན་དང་ན་བཟའ་ཚུ་ཕུད་གནང་སྟེ་ ལྷ་དང་ལྷ་མིན་ཚུ་གིས་དགེ་སློང་གི་ན་བཟའ་ཕུལ་ནུག ། ཤུལ་ལས་ རྒྱལ་སྲས་འདི་ཕྱི་རོལ་པའི་མུ་སྟེགས་པ་འདི་ཚུ་དང་མཉམ་ཅིག་འཇའ་རོགས་ག་ཡང་མེད་པར་སྤྱངས་འཁྱམས་ཏེ་བཞུགས་ནུག་ཟེར་ཡབ་ཀྱི་གསན་ཏེ་  ཡབ་ཀྱིས་མི་༣༠༠ དང་ཡུམ་གྱིས་མི་༢༠༠ རྒྱལ་སྲས་ཀྱི་ཕྱག་ཞུ་བར་བཏང་ནུག ། དེ་ནང་ལས་གཞན་ཚུ་ག་ར་ལོག་བཏང་རུང་ ཀུན་ཤེས་ཀོོའུ་ནི་ན་ཡ  རྟ་ཐུལ་  རླངས་པ་  མིང་ཆེན་དང་བཟང་ལྡན་ཚུ་རྒྱལ་སྲས་ཀྱི་ཕྱག་ཞུ་སྟེ་  ཁོང་ལྔ་ཤུལ་ལས་  སངྱས་ཀྱི་སློབ་མ་དང་པོ་འཁོར་ལྔ་སྡེ་བཟང་པོ་འདི་ཨིན།

བདུན་པ དཀའ་བ་སྤྱད་པའི་མཛད་པ
རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དེ་ དཀའ་བ་དཔག་ཏུ་མེད་པ་བཅད་དེ་ བསྒྲུབ་གོ་ཟེར་སྟོན་ནིའི་དོན་ལུ་ཕྱི་རོལ་པའི་སློབ་དཔོན་རིང་འཕུར་དང ལྷག་སྤྱོད་ཚུ་ལས་འཇིག་རྟེན་པའི་བསམ་གཏན་བསྒོམ་ནི་ལྷབ་ཏེ་ སློབ་དཔོན་ཚུ་དང་ཡོན་ཏན་འདྲ་མཉམ་སོང་ས་ཅི་རུང་ ཡོན་ཏན་དེ་གིས་ཁམས་གསུམ་འཁོར་བ་ལས་ གྲོལ་མི་ཚུགས་སྦེ་ཟེར་གསུངས་ཏེ་ དེ་ལས་ཆུ་ཀླུང་ནེེེ་རཉྫ་ནའི་འགྲམ་ལུ་བྱོན་ཞིནམ་ལས་ ལོ་དང་པ་གཉིས་ལུ་ འབྲས་ཕུད་རྡོག་རེ་བཞེས་ ལོ་བར་པ་གཉིས་ལུ་ཆུ་ཐིག་པ་རེ་བཞེས་ ལོ་མཐའ་མ་གཉིས་ལུ་ག་ནི་ཡང་མ་བཞེས་པ་ལོ་དྲུག་དཀའཝ་སྤྱད་དེ་ ཏིང་ངེ་འཛིན་བསྒོམ་ཏེ་བཞུགསཔ་ད་ ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ དཀའ་ཐུབ་ཆོས་ཀྱི་འཚང་མི་རྒྱ བདེ་བར་ལོང་ལ་ཤཱ་ཀྱའི་བུ ཟེར་གསུངས་ཏེ་ དཀའ་ཐུབ་ལས་ཡར་བཞེངས་བཅུག་ནུག   

བརྒྱད་པ བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ
བདེ་བར་གཤེགས་པ་ཚུ་གི་བསྐུལ་མ་ལུ་བརྟེན་ཏེ་རྒྱལ་སྲས་དོན་གྲུབ་དཀའ་ཐུབ་ལས་ཡར་བཞེངས་ཏེ་ རྡེ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྒོམ་པའི་གནས་འཚོལ་བར་བྱོན་པའི་ལམ་ཁར་ཞིང་པའི་བུ་མོ་ཡིས་འོ་ཐུག་སྦྲང་རྩིའི་སྙིང་པོ་ཅན་ཕུལ་མི་དེ་བཞེས་པ་ཙམ་གྱིས་ སྐུ་གཟུགས་ཧེ་མ་དཀའ་བ་སྤྱད་དེ་གནག་པོ་ལུ་འགྱུར་ཏེ་ཡོད་མི་འདི་ཡལ་ཏེ་ སྐུ་གཟུགས་མཚན་དང་དཔེ་བྱེད་ཀྱིས་བརྒྱན་འདི་གསེར་གྱི་མདངས་ལུ་འགྱུར་སོང་ནུག དེ་ལས་སངས་རྒྱས་པའི་གནས་རྒྱ་གར་རྡོ་རྗེ་གདན་ལུ་བྱོན་པའི་ལམ་ཁར་རྩ་མཁན་བཀྲིས་ལས་རྩྭ་ཀུ་ཤ་ཆག་པ་ཅིག་བཞེས་ཏེ་རྡོ་རྗེ་གདན་བྱང་ཆུབ་ཤིང་གི་རྩ་བར་རྩྭ་ཀུ་ཤའི་གདན་ལུ་བཞུགས་ཏེ་ དེ་སྦེ་གསུངས་ནུག   སྟན་འདིར་བདག་གི་ལུས་འདི་སྐམ་ཀྱང་རུང་ པགས་པ་རུས་པའི་ཚོགས་རྣམས་ཞིག་ཀྱང་རུང་ བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་བར སྟན་འདི་ལས་ནི་འགུལ་བསྐྱོད་མི་བྱའོ

དགུ་པ བདུད་བཏུལ་པའི་མཛད་པ
རྒྱལ་སྲས་བྱང་ཆུབ་སེམས་དཔའ་ སངས་རྒྱས་ནི་འབདཝ་ད་བདུད་སྡིག་ཅན་གྱིས་གཙོས་པའི་ བདུད་དམག་བྱེ་བ་ཁྲག་ཁྲིག་གི་དཔུང་ཚོགས་ཚུ་ ངལ་མ་རངས་པར་ཞི་རྒྱས་དབང་དྲག་གི་དམག་སྣ་ཚོགས་ གཡོ་ཐོག་ལས་བར་ཆད་བརྩམས་རུང་བྱང་ཆུབ་སེམས་པའི་སྐུའི་བ་སྤུ་ཙམ་ཅིག་རང་གཡོ་མ་ཚུགས་པར་ མཐའ་ན་མཇུག་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་ གོ་འཕང་མངོན་སུམ་དུ་ཐོབ་ནུག །
བཅུ་པ མངོན་པར་རྫོགས་པ་སངས་རྒྱས་པའི་མཛད་པ
དེ་ལས་བྱང་ཆུབ་སེམས་དཔའ་མཆོག་ས་ག་སླ་བའི་ཚེས་ ༡༥ ནམ་གུང་གི་ཆར་ བསམ་གཏན་བཞི་པའི་ཏིང་ངེ་འཛིན་ལུ་མཉམ་པར་བཞག་ནས་་་ ཐོ་རངས་རྒྱལ་རྔ་བརྡུང་དུ་ཉེ་བ་ན་ རྡོ་རྗེ་ལྟ་བའི་ཏིང་ངེ་འཛིན་གྱིས་ ཤེས་སྒྲིབ་བཅོམ་སྦེ་སངས་རྒྱས་ནུག །

བཅུ་གཅིག་པ ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ
བདེ་བཞིན་གཤེགས་པ་སངས་རྒྱས་བདུན་ཕྲག་བདུན་སོང་བའི་ཤུལ་མར་ ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་པ་གཉིས་ཀྱིས་ གསོལཝ་བཏབ་པའི་ངོ་ལུ་ས་གནས་ ཝ་ར་ན་སི་དྲང་སྲོང་ལྷུང་བ་རིགས་དྭགས་ཀྱི་ ནགས་འཚལ་ནང་འསྦེ་འཁོར་ལྔ་སྡེ་གིས་གཙོས་པའི་ལྷ་ཀླུ་མི་གསུམ་གྱི་འཁོར་ཚུ་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་ནུག །

 བཅུ་གཉིས་པ སྐུ་མྱ་ངན་ལས་འདས་པའི་མཛད་པ
དོན་མཐར་ཐུག་ལུ་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚུ་ངོ་བོ་ཆོས་ཀྱི་སྐུ་ལས་གཡོ་བ་ག་ནི་ཡང་མེད་པ་བཞིན་དུ་ རྣབ་པ་གདུལ་བྱ་སེམས་ཅན་སོ་སོའི་མཐའ་དོན་ལུ་ མཛད་པ་འདྲ་མི་འདྲ་ལེ་ཤ་ཅིག་མཛད་ཡོད་མི་ཚུ་ཡང་ ང་བཅས་སྐྱེ་བོ་ཕལ་པ་ཚུ་གིས་མཐར་རྒྱ་ཆོདཔ་ལཱ་ཁག་ཅིག་ཨིན་རུང་ ཇི་སྐད་དུ་་་་རྒྱལ་བ་དེ་ལྟར་བརྒྱད་བཅུ་ལ །། ཐུབ་མཆོག་དམ་པ་མྱ་ངན་འདས །། ཟེར་གསུངས་དོ་བཟུམ་ སྟོན་པ་བཅོམ་ལྡན་འདས་ འཛམ་བུ་གླིང་ལུ་དགུང་ལོ་བརྒྱད་བཅུ་གི་རིང་སེམས་ཅན་གྱི་འགྲོ་དོན་རྒྱ་ཆེན་པོ་སྦེ་མཛད་དེ་བཞུགས་པའི་མཐའ་མར་ ང་བཅས་ག་ར་ཨིན་རུང་སྐྱེས་བའི་མཐའ་མར་ཤི་བ་འདི་ ངེས་པར་དུ་ཡོད་པའི་བརྡ་ལུ་ གྲོང་ཁྱེར་རྩྭ་མཆོག་གྲོངས་ལུ་ སྐུ་མྱ་ངན་ལས་འདས་ནུག །



རྒྱབ་རྟེན་དཔེ་ཆ
༡༽ སྐལ་བཟང་ཡིད་ཀྱི་དགའ་སྟོན་  མཛད་པ་པོ་ དབྱངས་པའི་སློབ་དཔོན་འཆི་མེད་ ཤོག་གྲངས་ ༤༦ 
༢༽ དུང་དཀར་ཚིག་མཛད་ཆེན་མོ་ མཛད་པ་པོ་ དུང་དཀར་སློབ་བཟང་འཕྲིན་ལས ཤོག་གྲངས་ ༡༧༣༩
༣༽ ཞལ་འདོན་ཕྱོགས་བསྒྲིགས་དད་པའི་འཇུག་ངོག་ཞེས་བྱ་བ་བཞུགས་སོ་ མཛད་པ་པོ སློབ་དཔོན་ར་མེ་ཤ་ཅནྡར་ནེ་གཱི  ཤོག་གྲངས་ ༡༦
༤༽ ལྷོ་འབྲུག་ཆོས་འབྱུང་ མཛད་པ་པོ་ སྐྱབས་རྗེ་དགེ་འདུན་རིན་ཆེན་ ཤོག་གྲངས་ ༡༡

1 comment: